སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་སྐུ་ཕྲང་།
ང་ཚོའི་སྐོར།
གཏེར་སྟོན་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ།
ཆོས་བརྒྱུད་བཀའ་བརྒྱུད་པ་ཡིན་ཞིང་། གུ་རུ་པད་འབྱུང་གི་ཟབ་གཏེར་འདོན་པའི་གཏེར་ཆེན་ཞིག་སྟེ། རབ་བྱུང་བཅུ་གཅིག་པའི་ས་འབྲུག་ཡེ་ལོ་ ༡༦༢༨ ལོར་མདོ་ཁམས་ཟལ་མོ་སྒང་སྡེ་དགེའི་མངའ་ཁོངས་སྐྱབས་ཆེ་ཞེས་པའི་འབྲོག་སྡེར་ཡབ་ཡོན་དགེ་དབོན་པོ་དང་། ཡུམ་བེར་མོ་བཟའི་སྲས་སུ་བལྟམས། ཁོང་ནི་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་དང་། རྒྱ་གར་དུ་སྟོན་པ་ཞལ་བཞུགས་སྐབས་སུ་དགེ་སློང་མ་འགག་པ་དང་། བོད་ཡུལ་དུ་བསྟན་པ་སྔ་དར་གྱི་དུས་སུ་ཆོས་ཀྱི་རྒྱལ་པོ་ལྷ་སྲས་མུ་ཁྲི་གཙན་པོ། པདྨ་ལ་གླིང་པ་དང་། ཞིག་པོ་གླིང་པ་སོགས་ཀྱི་སྐྱེ་རྒྱུད་ཡིན་པ་རྗེ་ཉིད་ཀྱིས་ཞལ་བཞེས་མཛད།
ཟུར་མང་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ཀརྨ་བསམ་འགྲུབ་ཏུ་གསོལ། གྲུབ་ཆེན་དེ་ཉིད་དང་། འཛི་སྒར་བསོད་ནམས་རྒྱ་མཚོ་སོགས་ལས་བཀའ་ཆོས་མང་དུ་གསན། ཐུགས་དམ་དང་ཕྱག་དཔེ་གཟིགས་པ་ཁོ་ནས་དུས་འདའ་བར་མཛད་ཅིང་། མཛོ་རྫི་དགོན་དུ་ཁུ་བོ་ཡོན་དགེ་བླ་མའི་རྩར་བཞུགས། ཐུགས་རྒྱུད་ཞི་ཞིང་དུལ་བ་དང་། ཕྱག་གཟོས་བྲིས་འབུར་གྱི་སྐུ་བརྙན་དུ་མ་བཞེངས། ཀརྨ་པབཅུ་པ་་ཆོས་དབྱིངས་རྡོ་རྗེ་མཇལ་དུ་བྱོན་པའི་ལམ་བར་ནས་ས་བརྐོས་པས། གསེར་གྱི་ཟླ་ཚེས་ཤིག་རྙེད་པ་དེ་ཀརྨ་པར་ཕུལ། ཀརྨ་པས་ཁོང་གིས་གཏེར་ནས་བཞེས་པ་རེད་གསུངས་ཅིང་ཐུགས་མཉེས་པ་དང་མཚན་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ཞེས་པའི་གཏེར་སྟོན་གྱི་གསང་མཚན་བསྩལ། དགུང་ལོ་ཉེར་ལྔ་འི་ཐོག་ནས་གྲུབ་ཆེན་ཀརྨ་པཀྴི་གཙོ་འཁོར་གྱིས་ཞལ་གཟིགས་ནས་པཀྴིའི་བླ་སྒྲུབ་དགོངས་གཏེར་བབས། དེ་ནས་གཏེར་ཆོས་གྲོ་ལོད་རྩ་གསུམ་དང་། པདྨ་བཛྲ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་ཏེ། ཡོན་དགེ་པོད་གསུམ་སོགས་ཟབ་གཏེར་དུ་མ་གདན་དྲངས། ཀརྨ་པ་བཅུ་གཅིག་པའི་འཁྲུངས་འདས་ལུང་བསྟན་དང་། བཅུ་གཉིས་པའི་ངོས་འཛིན་གྱི་ལུང་བསྟན་གནང་། སི་ཏུ་ཆོས་འབྱུང་གིས་སྤྲུལ་པའི་གཏེར་ཆེན་འདི་ངིད་ནི་གཞན་སེམས་ཐོགས་མེད་དུ་མཁྱེན་པ་དང་། རྫུ་འཕྲུལ་ལ་དབང་འབྱོར་པས་དཔྱོད་ལྡན་རྣམས་ཀྱང་ཡིད་ཆེས་ཀྱི་གནས་ལ་འགོད་པར་མཛད་པ་སོགས་ཤིན་ཏུ་ངོ་མཚར་བའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་མངའ་བ་ཞིག་སྣང་མོད། ཅེས་པ་གསུངས་པ་ལྟར། འདས་མ་འོངས་ཀྱི་མངོན་མཁྱེན་རྫུལ་འཕྲུལ་དང་སྤྱོད་པ་ཡ་མ་ཟུང་གི་སྒོ་ནས་འགྲོ་དོན་སྐྱོང་ཞིང་། ཕྱུགས་ནད་ཧོན་གྱི་གནོད་པ་བཟློགས་པ་དང་། མཐའ་དམག་ཟློག་པའི་ཐབས་དང་རྟེན་འབྲེལ་མཛད་པ་སོགས་བསྟན་འགྲོ་ལ་བཀའ་དྲིན་ཕུལ་དུ་གྱུར། རྗེ་ཆོས་ཀྱི་འབྱུང་གནས་ལ་རྟེན་འབྲེལ་དང་ལུང་བསྟན་མང་དུ་གནང་། གཏེར་ཆོས་ཀྱི་བཀའ་གཏད། ཁོང་གི་སློབ་མ་ལ། སྔགས་པ་ཨ་རྒོད་ཨ་མྱེ་དང་། བྱ་བཏང་སྐུ་མཆོག ཁྱུང་གྲགས་རྡོ་རྗེ། རྒྱ་ནག་རྟོགས་ལྡན་སོགས་བྱོན། སྐུ་སྐྱེ་ཕྱི་མའི་ལུང་བསྟན་བསྩལ་ཅིང་། ད་ནི་མཐའ་དམག་ཟློག་པའི་དུས་ལ་བབས་གསུངས་ནས་རབ་བྱུང་བཅུ་གཉིས་པའི་ས་བྱི་ ༡༧༠༨ ལོའི་ཧོར་ཟླ་དགུ་པའི་མར་ངོའི་ཚེས་བཅུ་ལ་ཀེ་སྟོད་འབམ་ཐང་དུ་རྟེན་འབྲེལ་བརྡ་རྟགས་ཀྱི་སྤྱོད་པས་གཟུགས་སྐུའི་བཀོད་པ་བསྡུས་སོ། །
མི་འགྱུར་རྡོ་རྗེ་སྐུ་ཕྲེང་གཉིས་པ།
ཀུན་བཟང་ཆོས་ཀྱི་རྡོ་རྗེ་མཆོག་ནི། ཡེ་ལོ་༡༧༡༠ལོ་ཡན་མན་ལ་མདོ་ཁམས་ལྷ་ཐོག་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པའི་རི་འོད་ཚང་དུ་དཔྲལ་བར་རྡོ་རྗེའི་སྤྱན་དོད་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། དེ་ནས་ཀུན་གཟིགས་ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ཀུན་བཟང་ཆོས་ཀྱི་རྡོ་རྗེ་ཞེས་གསོལ། དགུང་གྲངས་བཅུ་གསུམ་བཞེས་པ་ནས་ཀུན་གཟིགས་ཞྭ་དམར་བརྒྱད་པ་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་མཁས་གྲུབ་དུ་མ་ལས་མདོ་དང་ཁྱད་པར་དུ་གསང་སྔགས་ཐབས་གྲོལ་གྱི་མན་ངག་གསན་བཞེས་ཚུལ་བཞིན་དུ་མཛད་དེ་མདོ་སྔགས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན། རྗེ་འདི་ཉིད་ལའང་གྲུབ་པའི་རྟགས་དང་རྫུ་འཕྲུལ། གཞན་སེམས་ཐོགས་མེད་དུ་མཁྱེན་པ་སོགས་ཡོངས་དགེ་ཉིད་དང་ཁྱད་མེད་པར་མངའ་བར་མ་ཟད་སྐལ་ལྡན་གྱི་གདུལ་བྱ་མང་པོར་དམ་པའི་ཆོས་ཀྱི་སྦྱིན་པ་ཆེས་ཆེར་བསྩལ་ཏེ་ཐར་པའི་ལམ་གྱི་སྒོ་འཕར་ཡངས་པོར་ཕྱེ་བར་མཛད་དོ། །མཐར་རབ་བྱུང་བཅུ་གསུམ་པའི་ཤིང་ཕག་(༡༧༥༥)ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའོ། །
ཁོང་གི་གསུང་རྩོམ། དགོངས་གཏེར་དང་ཟ་ཡིག་སོགས་པོད་གཉིས་ལྷག་ཙམ་བཞུགས།
མི་འགྱུར་རྡོ་རྗེ་སྐུ་ཕྲེང་གསུམ་པ།
ཀརྨ་རིག་འཛིན་མཆོག་གྲུབ་དབང་པོ་ནི། ཡེ་ལོ་༡༧༥༧ལོ་ཡན་མན་དུ་མདོ་ཁམས་ཀེ་ཆུའི་ནུབ་རྒྱུད་རི་འོད་དུ་སྐུ་བལྟམས། ཡེ་ལོ་༡༧༦༡ ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྐྲ་ཕུད་བཞེས་སྐྱབས་སྡོམ་གནང་། ཁྲི་འདོན་དང་ཤིས་བརྗོད་མཛད། འཛི་སྒར་རིག་འཛིན་རྡོ་རྗེ་དྲག་པོའི་སློབ་བུ་སེང་ཆེན་ལྟ་བུ་བཅུའི་ཡ་གྱལ་མཁས་ཤིང་གྲུབ་པའི་སྐྱེས་ཆེན་ཞིག་ཡིན། གསུངས་རྩོམ་ལ། དབང་ལེན་དང་། སྔགས་ཀྱི་བརྡ་བཀྲོལ་སོགས་ཕྲན་ཚེགས་འགའ་ཡོད། རབ་བྱུང་བཅུ་གསུམ་པའི་སྨད་ཙམ་ལ་སྐུ་གཤེགས།།
མི་འགྱུར་རྡོ་རྗེ་སྐུ་ཕྲེང་བཞི་པ།
བོད་རབ་བྱུང་བཅུ་གསུམ་པའི་སྨད་ཙམ་དུ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་ཁོངས་གཏོགས་ཟླ་ཀླུང་ཁྲ་རྒན་ཚང་གི་ཡབ་ཨ་ཕྲུག་ཀརྨ་ཚེ་བརྟན་དང་། ཡུམ་ལྷ་དགའ་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྐུ་བལྟམས། པདྨ་ཉིན་བྱེད་དབང་པོས་ཡོན་དགེ་མི་འགྱུར་རྡོ་རྗེ་སྐུ་ཕྲེང་བཞི་པར་ངོས་འཛིན་གནང་།མཚན་ཀརྨ་གསང་སྔགས་བསྟན་འཛིན་བཟང་པོ་ཞེས་གསོལ། ཀརྨ་པ་བཅུ་བཞི་པ་མཆོག་ལ་ཡོན་དགེ་ནོར་བུའི་པོད་གསུམ་སོགས་དབང་ལུང་མན་ངག་མང་པོ་ཞིག་ཕུལ། རྗེ་འདི་ཉིད་ཀྱིས་བསྟན་པ་སྤྱི་དང་བྱེ་བྲག་ཏུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་མཛད་རྗེས་ཆེན་པོ་བཞག་གནང་། མཐར་རབ་བྱུང་བཅུ་བཞི་པའི་སྨད་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པར་མཛད་དོ། །
མི་འགྱུར་རྡོ་རྗེ་སྐུ་ཕྲེང་ལྔ་པ།
ཀརྨ་ཆོས་གྲགས་དཔལ་བཟང་ནི། བོད་རབ་བྱུང་བཅུ་བཞི་པའི་སྨད་ཙམ་ལ་ཁམས་ཀྱི་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པའི་གོ་སྟོད་ཤར་ཁ་ཚང་གི་ཡབ་དཔལ་མེ་དང་། ཡུམ་བདེ་ལེགས་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འཇམ་མགོན་བློ་གྲོས་མཐའ་ཡས་སོགས་དམ་པ་མང་པོ་བསྟེན། ཁོང་སྐུ་ན་ཆུང་དུས་ནས་བཤད་སྒྲུབ་ཀྱི་སྡེ་ལ་ཤིན་ཏུ་དད་གུས་ཆེན་པོ་ཡོད་པར་བརྟེན། ཐོས་བསམ་སློབ་གཉེར་པ་དག་ལ་མཐུན་འགྱུར་དང་། སྒྲུབ་སྡེ་འོག་མ་བཀྲ་ཤིས་ཆོས་རྫོང་དང་། དགོན་ལག་རྣ་ལུང་རི་ཁྲོད་དང་བཙུན་དགོན་སོགས་བཤད་སྒྲུབ་ཀྱི་སྡེ་དུ་མ་བཙུགས། དམ་པ་ཁོང་ནི་སྙིགས་མ་ལྔ་བདོ་བའི་དུས་འདིར་སངས་རྒྱས་ཀྱི་བསྟན་དོན་ལ་ཐུགས་ཁུར་ཆེར་བཞེས་དང་། མཁས་བཙུན་བཟང་གསུམ་སོགས་དམ་པའི་ཚུལ་དགུ་ཡིས་རྒྱུད་ལེགས་པར་གཏམས་པའི་འདུལ་འཛིན་རྣམ་པར་དག་པ་ཞིག་དང་། སྐུ་ཚེ་སྒོམ་སྒྲུབ་ཉམས་ལེན་ལ་བསྟིམས་པའི་བཀའ་བརྒྱུད་གོང་མའི་རྣམ་ཐར་འཆང་བ་ཞིག་ཕེབས། ཁོང་གིས་སློབ་མ་གཙོ་བོ། ཚེ་དང་སྒྲུབ་པ་མཉམ་པ། དུལ་ཆུང་ཚངས་གཉིས་དང། ཉག་སྨད་རྟོགས་ལྡན་ནམ། བླ་གཡང་རྟོགས་ལྡན་ཀརྨ་བསྟན་འཕེལ། དགོན་གསར་གུ་དྲག ཞམ་པ་ཤེར་དགའ། འབྲུ་པ་ཚེ་འཛིན། རྟ་མཁན་བསྟན་པ་ཚེ་རིང་། གཟི་མགོ་ཇོ་མོ་སོགས་སྐུ་ཚེ་ཐོས་བསམ་དང་སྒྲུབ་པ་ལ་གཞོལ་བའི་དམ་པ་མང་པོ་བྱོན། མཐར་ཡེ་ལོ་༡༩༣༢ལོའི་སྔ་གཞུག་ཙམ་དུ་གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་ཕྱིར་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །
མི་འགྱུར་རྡོ་རྗེ་སྐུ་ཕྲེང་དྲུག་པ།
བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ཡེ་ལོ་ ༡༩༣༤ ལོར་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་སྨན་ཤོད་གྲོང་ཚོའི་མདུན་གནས་ར་ཚང་དུ་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་སྐུ་ཚ་ཡབ་བློ་བཟང་རྒྱལ་མཚན་དང་། ཡུམ་སྒྲོལ་མ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁྱེའུ་ཤིང་ཁྱི་ལོ་པ་དེར་ ༡༩༣༦ ལོར་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་མི་འགྱུར་རྡོ་རྗེ་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་མཛད་ནས་སྐྱེ་སྲིད་འཁྲུལ་མེད་བསྟན་འགྲོ་ལ་ཕན་ངེས་འབྱུང་ངོ་བབས། མཚན་ལ་ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ་ངེས་དོན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་པ་དང་ཞབས་བརྟན་བདེན་ཚིག་བཅས་བསྩལ་གནང་། ༡༩༣༨ ལོར་གཏེར་སྒར་དགོན་པས་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་ཏེ་མི་ཕྱེད་དད་པས་གཙུག་ཏུ་བཀུར། སི་ཏུ་པདྨ་དབང་མཆོག་མདུན་ནས་རབ་ཏུ་བྱུང་ཞིང་རྒྱལ་བའི་དབང་པོ་ཀརྨ་པ་རིག་པའི་རྡོ་རྗེ་དང་ཐུགས་ཡིད་གཅིག་ཏུ་འདྲེས། ༡༩༥༧ ལོར་དབྱར་ཀར་གདན་ས་མཚུར་ཕུ་བརྒྱུད་དེ་བདུད་མགོན་ཏྲཀྴད་ཀྱིས་ལུང་བསྟན་པ་ལྟར་འཕགས་ཡུལ་དུ་ཕེབས། གདན་ས་རུམ་གཏེགས་སུ་དཔལ་རྒྱལ་བ་ཀརྨ་པས་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་བཙུགས་ཏེ་ཆེད་དུ་རྡོ་རྗེ་སློབ་དཔོན་དུ་གདན་དྲངས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གཙོས་པའི་བླ་ཆེན་མང་པོས་གཙུག་ཏུ་བཀུར། འཇིག་རྟེན་ཆོས་བརྒྱད་བློས་བཏང་བའི་བྱ་བྲལ་གྱི་སྤྱོད་པས་སྐུ་ཚེ་ཧྲིལ་པོར་ཉམས་ལེན་ལ་གཞོལ་བར་མཛད། མཐར་ ༡༩༧༥ ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་ཕྱིར་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །
མི་འགྱུར་རྡོ་རྗེ་སྐུ་ཕྲེང་རིམ་བྱོན།
༡ ཡོན་དགེ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། (༡༦༢༨-༡༧༠༨) ༢ ཀུན་བཟང་ཆོས་ཀྱི་རྡོ་རྗེའམ་ཀརྨ་འཆི་མེད་ནུས་ལྡན་གྲུབ་པའི་དབང་པོ། (༡༦༡༠ཡན་མན་-༡༧༥༥) ༣ རི་འོད་མི་འགྱུར་ཀརྨ་རིག་འཛིན་མཆོག་གྲུབ་དབང་པོ། (༡༧༥༧ཡན་མན་-རབ་བྱུང་བཅུ་གསུམ་པའི་སྨད།) ༤ ཁྲ་རྒན་མི་འགྱུར་ཀརྨ་གསང་སྔགས་བསྟན་འཛིན། (རབ་བྱུང་བཅུ་གསུམ་པའི་སྨད།-རབ་བྱུང་བཅུ་བཞི་པའི་སྨད།) ༥ ཤར་ཁ་མི་འགྱུར་ཀརྨ་ཆོས་གྲགས་དཔལ་བཟང་། (རབ་བྱུང་བཅུ་བཞི་པའི་སྨད།-༡༩༣༢ཡན་མན་) ༦ གནས་ར་མི་འགྱུར་ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ་ངེས་དོན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ།(༡༩༣༤-༡༩༧༥) ༧ ད་བཞུགས་ཀརྨ་འགྱུར་མེད་བསྟན་འཛིན་ཆོས་ཀྱི་རྡོ་རྗེ།(༡༩༧༦-)བཅས་སོ།།