དགོན་པའི་དབུ་ཁྲིད་རྣམ་པ།

ང་ཚོའི་སྐོར།

དགོན་སྡེའི་དབུ་ཁྲིད་རྣམ་པ།
གཏེར་སྒར་དཀྱིལ་འཁོར་གྱི་ཆོས་རྗེ་བླ་མ་སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ནི།

ཁོང་ཉིད་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་དང་རྙིང་མའི་ཆོས་བརྒྱུད་དུ་ངོས་བཟུང་བའི་སྤྲུལ་སྐུ་ཞིག་ཡིན་པ་དང་། དེ་ལ་ཡང་ཆོས་སྟོན་པ་དང་། ཆོས་ཀྱི་དབུ་ཁྲིད། དཔེ་དེབ་བྲིན་ཤོས་ཀྱི་མཛད་པ་པོ་སོགས་ཡང་ཡིན་ལ། བོད་སྔ་རབས་ཀྱི་སངས་རྒྱས་བསྟན་པའང་དེང་དུས་ཀྱི་བློ་ལ་བབས་པའི་སྒོ་ནས་སྟོན་མཛད་པའི་ནུས་པ་ཁྱད་པར་དུ་འཕགས་པ་དང་ལྡན་ཞིང་ཁོང་ཉིད་ཀྱི་བཀའ་ཆོས་གནང་ཚུལ་ཟབ་ཀྱང་འཇུག་བདེ་བ་དང་། སྐུ་རྩེད་སྤྲོ་པོར་གནང་ཚུལ་སོགས་ཀྱི་རྐྱེན་པས་འཛམ་གླིང་ག་ས་ག་ནས་ཡོང་བའི་སློབ་མ་རྣམས་དད་མོས་ཆེན་པོ་བྱུང་། ཁྱད་པར་དུ་ཁོང་ཉིད་ཀྱི་སྒོམ་ཁྲིད་གནང་ཚུལ་ནི་ཁོང་ཉིད་སྒེར་གྱི་ཐུགས་ཉམས་དང་ཚན་རིག་གི་རྣམ་བཞག་གཉིས་ཆ་གཅིག་ཏུ་འདྲེས་པ་ཞིག་ཡིན། ཁོང་ཉིད་ཀྱིས་དགའ་བའི་འཚོ་བ་ཞེས་པ་༼འདི་ནི་སྐད་རིགས་ཉི་ཤུ་ལྷག་ཙམ་དུ་བསྒྱུར་ཟིན་༽དང་འཇིག་རྟེན་ལ་བརྩེ་བ་ཞེས་པ་དཔེ་དེབ་བྲིན་ཤོས་གཉིས་སོགས་ཕྱག་དེབ་མང་པོར་མཛད་ཡོད། ཉེ་ཆར་ཁོང་ཉིད་ཀྱིས་༼TED TALK༽གཏམ་བཤད་ཚོགས་ཆེན་དུ་རང་ཉིད་ཀྱི་དྲན་པ་བསྟེན་ཚུལ་དང་རང་ཉིད་ཀྱི་བསམ་པ་ལས་སྒོམ་ཅིའི་ཕྱིར་ལས་སླ་བར་ཡོང་བའི་རྒྱུ་མཚན་ཞེས་པའི་གསུང་བཤད་གནང་། རིན་པོ་ཆེ་མཆོག་གིས་འཛམ་གླིང་ཡོངས་སུ་ཆོས་ཁྲིད་ཟབ་རྒྱས་གནང་བ་དང་། གླིང་ཆེན་ལྔ་ལ་ཡོད་པའི་རྒྱལ་སྤྱིའི་དྲྭ་བར་གྱུར་པའི་གཏེར་སྒར་སྒོམ་ཚོགས་ལ་ལྟ་རྟོག་གནང་། ཡང་ཁོང་ཉིད་ཀྱིས་ཧ་མ་ལ་ཡའི་རི་རྒྱུད་དུ་འཕྲོད་བསྟེན་དང་། བཀྲེས་སྐོམ། གཙང་སྦྲ། ཁོར་ཡུག། བུད་མེད་ཀྱི་ནུས་པ་སྤེལ་བ་སོགས་དང་འབྲེལ་བའི་མཛད་འཕྲིན་ཁག་དབུ་འཛུགས་གནང་བ་དང་ལྟ་རྟོག་གནང་བཞིན་ཡོད།

མཁན་པོ་འགྱུར་མེད་དབང་ཕྱུག་མཆོག
གཏེར་སྒར་འོད་གསལ་གླིང་དགོན་གྱི་དབུ་ཁྲིད།

མཁན་པོ་འགྱུར་མེད་དབང་ཕྱུག་མཆོག་ནི་གཏེར་སྒར་འོད་གསལ་གླིང་དགོན་དུ་དགུང་ལོ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་དེར་ཆོ་ག་དང་ཞལ་འདོན་སོགས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་མཛད་རིམ་ཁག་སློབ་གཉེར་གནང་བའི་རྗེས་སུ་ཁོང་ཉིད་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཕྱག་འདེབས་གནང་བའི་གདན་ས་དཔལ་སྤུང་ཤེས་རབ་གླིང་དུ་ཞུགས་ཏེ་ལོ་དགུ་རིང་ཐོས་བསམ་གནང་བ་དང་། སླར་ལོ་གསུམ་རིང་སློབ་སྟོན་གནང་བས་མཁན་པོའི་མཁྱེན་ཚད་ཐོབ། དེ་ལ་ཡང་མཁན་པོ་འགྱུར་མེད་དབང་ཕྱུག་མཆོག་གིས་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་འཁྲིས་སུ་སྒོམ་ཁྲིད་ཟབ་རྒྱས་ཞུས་གནང་། སྤྱི་ལོ་༢༠༡༠་སྐབས་ནས་ཁོང་ཉིད་གཏེར་སྒར་འོད་གསལ་གླིང་དགོན་གྱི་མཁན་པོར་བསྐོ་གཞག་གནང་།

ཕྱག་མཛོད་བླ་མ་ལེགས་བཤད་ལགས།
གཏེར་སྒར་འོད་གསལ་གླིང་ཕྱག་མཛོད་དང་ནོར་དོན་གཙོ་འགན་ནི།

ཕྱག་མཛོད་བླ་མ་ལེགས་བཤད་ལགས་ནི་བོད་མདོ་ཁམས་ཏྲེ་ཧོར་ནས་སྐུ་འཁྲུངས་ཤིང་། ཆུང་དུས་ནས་མདོ་ཁམས་ཏྲེ་ཧོར་བཀའ་བརྒྱུད་བན་རྒན་དགོན་དུ་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་། ༡༩༩༦་ལོར་རྒྱ་གར་འཕགས་པའི་ཡུལ་ལ་འབྱོར་མ་ཐག༧བྱམས་མགོན་རྡོ་རྗེ་ཀན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་བཤད་གྲྭ་ཞུགས་ནས་ལོ་ངོ་དགུ་བའི་རིང་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་པ་གནང་། རྡ་རམ་ས་ལའི་ཉེ་འགྲམ་རྒྱུད་སྟོད་དགོན་དུ༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་མདུན་ལ་མཚན་ཞབས་པའི་ཕྱག་ལས་གནང་ནས་ལོ་ངོ་གསུམ་གྱི་རིང་ཞབས་ཕྱི་གང་ལེགས་ཞུས། དེ་རྗེས༧་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་བཀའ་མངགས་བཞིན་གནས་མཆོག་རྡོ་རྗེ་་གདན་གཏེར་སྒར་དགོན་ལ་ལོ་མང་རིང་དགེ་རྒན་དང་འཛིན་སྐྱོང་ཕྱག་ལས་གང་ནུས་གནང་། དེ་ནས་ད་ལྟའི་བར་བལ་ཡུལ་གཏེར་སྒར་དགོན་པར་ལོ་ངོ་བཅོ་གསུམ་རིང་གཙོ་བོ་ཕྱག་མཛོད་ཀྱི་མཛད་འགན་བཞེས་དང་བཞེས་མུས་སུ་གནས་པའི་ལོ་རྒྱུས་སྙིང་བསྡུས་བཅས་སོ། །

མཁན་པོ་པདྨ་འོད་ཟེར་གྱི་ངོ་སྤྲོད་སྙིང་བསྡུས།

སྙིགས་ལྔའི་རང་མཚང་བདོ་བའི་ནམ་ཟླ་འདིར།།

སངས་རྒྱས་བསྟན་པ་འཛིན་ལ་འགྲན་མེད་ཞིག ། 

བྱིན་རླབས་ཚན་ཁ་མ་ཉམས་གཅིག་པུ་བ། །

བྱམས་མགོན་རྡོ་རྗེ་འཆང་དབང་སྤྱི་བོར་བརྒྱན། །

གུས་པ་པདྨ་འོད་ཟེར་ནི་བལ་བོད་གཉིས་ཀྱི་ས་མཚམས་ཙུམ་འབུར་ཇི་ཞེས་པའི་ཡུལ་དུ་ཕ་ཟླ་བ་རྡོ་རྗེ་དང་མ་པ་སངས་ལྷ་མོ་གཉིས་ཀྱི་བུ་རུ་སྤྱི་ལོ་ ༡༩༨༨ ཟླ་བ་ ༡ ཚེས་ ༢ ཉིན་སྐྱེས།  ང་ཚོའི་ལུགས་སྲོལ་ཞིག་ལ་ཕ་མ་ཚོས་རང་གི་བུ་ཕྲུག་ཚོའི་མ་འོངས་པའི་མདུན་ལམ་དང་། མི་ཚེའི་བདེ་སྐྱིད་ཆེད་གཉེན་སྒྲིག་གི་ཁ་ཆད་ཆུང་དུས་ནས་བྱེད་སྲོལ་ཡོད་པ་བཞིན་ང་ལའང་ཕ་མ་གཉིས་ཀྱིས་ན་ཚོད་མཐུན་པའི་བུ་མོ་གཅིག་དང་ཁ་ཆད་བྱས། འོན་ཀྱང་མ་དྲིན་ཆེན་གློ་བུར་དུ་ནད་གཞི་ལྕི་མོ་ཞིག་གིས་སྐུ་ཚེ་མ་ཟིན་པ་ལ་བརྟེན་ནས་སྡུག་བསྔལ་ཚད་མེད་སྐྱེས།   དྲིན་ཅན་གྱི་ཨ་མ་གྲོངས་ནས་རིམ་བཞིན་ང་རང་ཡང་ནར་སོན་སྐབས་ཕ་ཡུལ་དུ་བསྡད་འདོད་ཀྱི་འདུན་པ་ཡེ་ནས་མ་བྱུང་། དམ་པའི་ཆོས་བྱེད་འདོད་ཀྱི་འདུན་པ་དྲག་པོས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཕྱིན། དེ་ནས་དགོན་པའི་ཆོས་སྒོ་རུ་ཞུགས་ཏེ། དགོན་པའི་སྒྲིག་གཞི་ལྟར་འབྲི་ཀློག་སོགས་ལ་སློབ་སྦྱངས་བྱས། སྐབས་དེར་དགེ་ཚུལ་གྱི་སྡོམ་པ་༸སྐྱབས་རྗེ་བསྟན་དགའ་རིན་པོ་ཆེའི་སྐུ་མདུན་ནས་ཞུ་རྒྱུའི་སྐལ་བཟང་ཞིག་མངོན་དུ་གྱུར། དེའི་རྗེས་རང་གི་རྩ་བའི་བླ་མ་༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེས་བཀའ་མངགས་བཞིན་གདན་ས་ཆེན་པོ་དཔལ་སྤུངས་ཤེས་རབ་གླིང་དུ་ཕྱིན་ནས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མའི་མདུན་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་སློབ་གཉེར་མཐར་ཕྱིན་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་མ་ཟད། ༸གོང་ས་མཆོག་གི་སྐུ་མདུན་ནས་སྤྱོད་འཇུག་དང་། ༸དཔལ་རྒྱལ་བའི་དབང་པོ་ཀརྨ་པའི་སྐུ་མདུན་དུ་ཕྱག་དཔེ་བགྲོ་གླེང་སོགས་ཀྱི་སྐོར་ཟླ་ངོ་གཅིག་ཙམ་བཅར་རྒྱུའི་སྐལ་བཟང་གི་ཉི་མ་ཤར། ༸བྱམས་མགོན་རྡོ་རྗེ་འཆང་༸ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།   མཛོད་ཆེན་རྣམ་ལྔ་ཆ་ཚང་དང་ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་ཁྲིད་སོགས་དབང་ལུང་ཁྲིད་གསུམ་ཆ་ཚང་ཐོབ།   དེ་བཞིན་སྨྲ་བར་ཟླ་མེད་གྱུར་པའི་༸སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེའི་སྐུ་མདུན་ནས་ཀུན་བཟང་བླ་མའི་ཞལ་ལུང་དང་། རྒྱུད་བླ་མ། མཉམ་མེད་དྭགས་པོ་ཐར་རྒྱན་སོགས་འཆད་ཁྲིད་ཐོབ།   ༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་སྐུ་མདུན་ནས་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་མངོན་པ་མཛོད་ཀྱི་སྒོམ་རིམ་དང་། ཕྱག་ཆེན་གྱི་སྒོམ་རིམ་སོགས་ལན་མང་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ་ཡོད། ༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་བཀའ་དགོངས་འགྲུབ་ཆེད་གང་ལྟར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཟེར་བའི་དཔེ་ལྟར།   མདོར་ན་སྤྱི་ལོ་ ༢༠༡༠ ནས་བཟུང་གཏེར་སྒར་འོད་གསལ་གླིང་དུ་ད་ལྟའི་བར།   གང་ལྟར་ད་ལྟའི་བར་དུ་སློབ་མ་མང་པོར་བསྡུས་རྟགས་བློ་གསུམ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་དཔེ་ཁྲིད་ཁོ་ནར་འབད་པ་བྱས་ཤིང་། ལས་ཐོག་མཁན་པོ་ལོ་ཤས་གོང་ཚར་གཅིག་འཁེལ་ཟིན་ཡང་། སླར་ཡང་དགེན་ལས་ཚང་མ་ལྷན་འཛོམས་ཐོག་ལས་ཐོག་མཁན་པོ་ཡང་བསྐྱར་བྱ་དགོས་པའི་རེ་བསྐུལ་ཡང་ཡང་གནང་བར་བརྟེན། རང་ནུས་གང་ལྕོགས་ཀྱིས་བསྟན་པ་ལ་ཞབས་ཞུ་ཅི་ནུས་སྒྲུབ་ཁུལ་བྱེད་བཞིན་མཆིས།  ད་ལྟའི་ཆ་ཕྱི་མིག་ཅིག་བལྟས་སྐབས་ཧ་ཅང་དགའ་ཚོར་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་པ་ནི།  དེ་སྔོན་རང་ངོས་ནས་བསྡུས་སྒྲ་བློ་རྟགས་ནས་གཞུང་ཆེན་བར་གྱི་སློབ་ཁྲིད་བྱ་ཡུལ་སློབ་མ་དག   ད་ལྟའི་ཆ་ཤེས་བྱའི་དཀྱིལ་འཁོར་ལ་བློ་གྲོས་ཀྱི་གཤོག་རྩལ་རྒྱས་ཏེ་གཞུང་ཆེན་སོགས་དཔེ་ཁྲིད་བྱེད་པའི་སློབ་དཔོན་གང་མཚམས་ཤིག་སྐྱེས་བསྲིངས་བྱུང་བ་ནི་གྲུབ་འབྲས་ཆུང་ཆུང་ཞིག་མངོན་དུ་གྱུར། དེ་བཞིན་རྒྱུན་ལྡན་རང་ངོས་ནས་བླ་མ་དམ་པ་རྣམས་ཀྱིས་ཞལ་གསུང་འཆི་སོས་ཀྱི་བདུད་རྩི་ལྟ་བུའི་གདམས་ངག་དང་མན་ངག་ཐོབ་པ་རྣམས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རང་རྒྱུད་ལ་སྦྱར་གང་ཐུབ་ཀྱི་འབད་འབུངས་ལྷད་མེད་བྱེད་བཞིན་བཅས་སོ། །

གུས་མཁན་མིང་ཙམ་འཛིན་པ་པདྨ་འོད་ཟེར་ནས་སྤྱི་ལོ ༢༠༢༢/ ཟླ ༠༩ / ༠༥ ཉིན་བྲིས།