བལ་ཡུལ་གཏེར་སྒར་དགེ་རྩ།
སྤྱི་ཚོགས་ཞབས་ཞུ།
སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༦ ནང་དུ། ༸ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་བལ་ཡུལ་ནང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གྲོང་གསེབ་ཁག་ལ་རོགས་རམ་གནང་བའི་ཆེད་དུ། བལ་ཡུལ་གཏེར་སྒར་དགེ་རྩ། ཞེས་པ་དབུ་བཙུགས་གནང་བ་དང་། ཚོགས་པ་འདི་ཡི་རྒྱུད་ནས་སྤྱི་ཚོགས་སློབ་གསོ་དང་། སྨན་བཅོས། ཆོས་ཕྱོགས་ཀྱི་ལས་འཆར་སོགས་དང་འབྲེལ་བའི་ཐོག་ནས་ལས་དོན་སྣ་ཚོགས་སྒྲུབ་ཐུབ་པའི་་གཞན་ཕན་དགེ་རྩར་གཞ་རྩ་བཟུང་བའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཤིག་ཡིན། ཧི་མ་ལ་ཡི་རི་བརྒྱུད་ཀྱི་མི་དམངས་རྣམས་ལ་འཚོ་ཐབས་རང་གསོ་ཐུབ་པའི་ནུས་པ་དང་། རྒྱུན་རིངས་ཡར་རྒྱས་ཡུན་གནས་ཐུབ་ཐབས། སྤྱི་ཚོགས་ཀྱི་བདེ་སྐྱིད་སོགས་དང་འབྲེལ་བའི་ནུས་རྩལ་སྣ་ཚོགས་གོང་འཕེལ་གཏོང་ཐབས་སུ་རོགས་རམ་བྱེད་བཞིན་ཡོད། ཚོགས་པ་འདི་ཡི་རེ་འདུན་ནི་རྒྱ་བལ་གྱི་ཡུལ་ཁག་དག་ཏུ་བོད་ཀྱི་རིག་གཞུང་དང་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་བྱེད་ཐབས་བྱེད་རྒྱུ་འདི་ཡིན། ས་གནས་ཀྱི་མང་ཚོགས་དང་མཉམ་རུབ་བྱེད་ནས་ཡུལ་ལུང་དེ་དག་ཏུ་ས་སྐྱེས་རྡོ་སྐྱེས་སུ་གྱུར་པའི་ནང་ཆོས་ཤེས་ཡོན་དང་། བཟང་སྤྱོད་ཀྱི་སྒོ་ནས་འགྲོ་བ་མིའི་ཡར་རྒྱས་དང་སེམས་ཀྱི་བདེ་སྐྱིད་སོགས་ཀྱི་ལས་འཆར་གང་བཀོད་པ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སྤྱི་ལོ་ ༢༠༢༣ ལོར་བལ་ཡུལ་གཏེར་སྒར་དགེ་རྩ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ (Equator Prize) ཟེར་བའི་གཟེངས་རྟགས་སྙན་གྲགས་ཅན་ཐོབ་ཡོད། དེ་ནི་ལོ་གཉིས་རྟག་པར་གཉེར་སྲུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྒོ་ནས་དབུལ་ཕོངས་ཉུང་ཏུ་གཏོང་ཐབས་ཀྱི་སྤྱི་ཚོགས་ལས་དོན་ཁྱད་པར་ཅན་ངོས་འཛིན་བྱེད་པའི་ཆེད་དུ་ཐོབ་པ་ཞིག་རེད། ས་གནས་ཀྱི་མི་དམངས་རྣམས་ལ་རོགས་རམ་ལེགས་པར་བྱེད་པའི་དོན་དུ་བལ་ཡུལ་གཏེར་སྒར་དགེ་རྩ་ལ་དབྱེ་བ་གཉིས་ཕྱེས་ཡོད། དེ་ནི་བལ་ཡུལ་གཏེར་སྒར་དགེ་རྩ་དང་། ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་སྡེ་ཚན་གཉིད་ཡིན། བལ་ཡུལ་གཏེར་སྒར་དགེ་རྩ་ལ་དམིགས་ཡུལ་གཙོ་བོ་གསུམ་ཡོད། ༡ དང་པོ་ནི་ཤེས་ཡོན་སློབ་གསོ་ཡིན་ལ། དེའི་ཆེད་དུ་ད་ལྟའི་ཆར་བལ་ཡུལ་གྱི་མངའ་སྡེ་གན་ཌྷ་ཀི་ལ་སྔོན་འགྲོ་སློབ་གྲྭ་གསུམ་དང་གཞི་རིམ་སློབ་གྲྭ་གཅིག་སྒོ་ཕྱེ་ཡོད། དེ་དག་ནི་སྤྲོག་གི་སྔོན་འགྲོའི་སློབ་གྲྭ་དང་། Sama་ ས་མ་ཡི་ཡི་སྔོན་འགྲོ་སློབ་གྲྭ། Gyayul རྒྱ་ཡུལ་གྱི་སྔོན་འགྲོ་སློབ་གྲྭ། ནུབ་རིའི་གཞི་རིམ་སློབ་གྲྭ་བཅས་ཡིན། ༢ གཉིས་པ་ནི་སྨན་བཅོས་རོགས་རམ་ཡིན། ལོ་རེར་ཐེངས་གཉིས་ལ་སྨན་བཅོས་རུ་ཁག་འཛུགས་ཀྱི་ཡོད། ༣ གསུམ་པ་ནི་ནང་ཆོས་ཀྱི་ཤེས་ཡོན་སྤེལ་རྒྱུ་དེ་ཡིན། སྒོམ་ཁྲིད་ཀྱི་སྒོ་ནས་འགྲུལ་བཞུད་བྱེད་པ་དང་། སྒོམ་དང་དྲན་པ་སོགས་དང་འབྲེལ་བའི་གསུང་ཆོས་གནང་རྒྱུའི་འཆར་གཞི་སོགས་ཡོད།