སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག

ང་ཚོའི་སྐོར།

ཁོང་ཉིད་ནི་བོད་བརྒྱུད་ནང་བསྟན་གྱི་ཁྲོད་བཀའ་རྙིང་གཉིས་ཀའི་ཆོས་བརྒྱུད་ནང་ངོས་འཛིན་ཞུས་པའི་སྤྲུལ་སྐུ་ཞིག་ཡིན་པ་དང་། ཁོང་ནི་གཞན་ལ་ཆོས་སྟོན་མཁན་དང་། ཆོས་ཀྱི་དབུ་ཁྲིད་ཡིན་པ་མ་ཟད། དཔེ་དེབ་སྙན་གྲགས་ཅན་དུ་མ་རྩམ་པ་པོ་ཞིག་ཀྱང་ཡིན། བོད་སྔ་སྲོལ་རྒྱུད་འཛིན་གྱི་སངས་རྒྱས་བསྟན་པ་འཛིན་པ་དང་། དེང་རབ་ཀྱི་བློས་མོས་དང་བསྟུན་པའི་སྒོ་ནས་ཆོས་སྟོན་པའི་ནུས་པ་ཁྱད་པར་ཅན་དང་ལྡན་ཞིང་། ཁོང་གི་བཀའ་ཆོས་གནང་བའི་ཐབས་ཚུལ་ཅིང་ཟབ་ཅིང་གོ་སླ་ལ་འཇུག་བདེ་བ་ཞིག་ཡོད། དམིགས་གསལ་དུ་རྩེ་མཚར་དང་སྤྲོ་སྣང་ལྡན་པའི་སྒོ་ནས་གསུང་ཆོས་གནང་ཚུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། འཛམ་གླིང་ག་ས་ག་ནས་སློབ་ཚོགས་བརྒྱ་ཕྲག་དུ་མས་དད་མོས་དང་དགའ་གུས་ཆེན་པོ་ཞུ་བཞིན་ཡོད། ལྷག་པར་དུ་ཁོང་གིས་སྒོམ་ཁྲིད་གནང་ཚུལ་ཁྱད་དུ་འཕགས་པ་གཞན་ཞིག་ནི། ཁོང་སྐུ་སྒེར་གྱི་ཉམས་བཞེས་དང་དེང་དུས་ཀྱི་ཚན་རྩལ་གྱི་རྣམ་བཞག་གཉིས་ཆའི་ལེགས་ཆ་ཕྱོགས་གཅིག་ཏུ་སྦྲེལ་ནས་གནང་བཞིན་ཡོད།

དགུང་ལོ་ཆུང་དུས་སྐབས་སུ་ཁོང་གི་ཡབ་ ༧ སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེས་ཆོས་ལུགས་མི་འདྲ་བའི་སློབ་མ་མང་པོ་ཞིག་ལ་ཆོས་གསུངས་པ་དེདག་གཟིགས་པ་དང་། ཡབ་རིན་པོ་ཆེས་རིས་མེད་དུ་ཆོས་སྦྱིན་གནང་ཚུལ་གྱིས་ཤུགས་རྐྱེན་ཐེབས་པས་མི་རིགས་དང་རིག་གཞུང་མི་འདྲ་བའི་འགྲོ་བ་མི་རྣམས་ལ་ཆོས་ཀྱི་སྡེ་ཚན་གང་དང་། ཐབས་ལམ་གང་དང་གང་གིས་ཕན་ཐོགས་ཆེན་པོ་ཡོང་མིན་ཐོག་ཐུགས་སྣང་ཆེན་པོ་བྱུང་ཤིང་། དེ་ནས་ཁོང་ཉིད་ཀྱིས་ཡབ་རིན་པོ་ཆེ་དང་ ༧ གསལ་བྱེད་རིན་པོ་ཆེ་མཆོག་ལ་དེ་དང་འབྲེལ་བའི་ཐོག་ནས་བཀའ་གྲོས་ཡང་ཡང་ཞུས་ནས། རྒྱ་གར་གྱི་སྲོལ་རྒྱུན་ལ་གནའ་རབ་ནས་ཆོས་ལུགས་དང་མི་རིགས་མི་འདྲ་བའི་སློབ་མ་རྣམས་ཀྱི་ཁམས་དང་དབང་པོ་མོས་པ་དང་བསྟུན་ནས། དྲན་ཤེས་བཞིན་དང་བྱམས་སྙིང་རྗེ་སོགས་ནང་པ་སངས་རྒྱས་པའི་སྒོམ་སྒྲུབ་ཉམས་ལེན་གྱི་རིམ་པ་རྣམས་ཐབས་ཚུལ་སྣ་ཚོགས་དང་། སོ་སོའི་ཐུན་མིན་མྱོང་ཁྲིད་ཀྱི་སྒོ་ནས་བསྟན་པའི་སྲོལ་རྒྱུན་རིང་པོ་ཡོད་པར་ཡང་མཁྱེན།

ཁྱད་པར་དུ་ཁོང་ཉིད་ཀྱི་སྒོམ་ཁྲིད་གནང་ཚུལ་ནི་ཁོང་སྐུ་སྒེར་གྱི་ཐུགས་ཉམས་དང་། ཚན་རིག་གི་རྣམ་བཞག་གཉིས་ཆ་གཅིག་ཏུ་འདྲེས་པ་ཞིག་ཡིན། ཁོང་གིས་དགའ་བའི་འཚོ་བ་ཞེས་པའི་ཕྱག་དེབ་ ༼འདི་ནི་སྐད་རིགས་ཉི་ཤུ་ལྷག་ཙམ་དུ་བསྒྱུར་ཟིན་༽ དང་། འཇིག་རྟེན་ལ་བརྩེ་བ་ཞེས་པའི། དཔེ་དེབ་སྙན་གྲགས་ཅན་གཉིས་ཀྱིས་མཚོན་པའི་ཕྱག་དེབ་མང་པོར་མཛད་ཡོད། ཉེ་ཆར་ཁོང་ཉིད་ཀྱིས་ ༼TED TALK སྙན་གྲགས་ཅན་གཏམ་བཤད་གར་སྟེགས་ཞིག་ ༽ གཏམ་བཤད་ཚོགས་ཆེན་དུ། རང་ཉིད་ཀྱི་དྲན་པ་བསྟེན་ཚུལ་དང་། རང་ཉིད་ཀྱི་བསམ་པ་ལས་ཀྱང་སྒོམ་ཅིའི་ཕྱིར་ལས་སླ་བར་ཡོད་པའི་རྒྱུ་མཚན་ཞེས་པའི་བརྗོད་གཞི་ཐོག། གསུང་བཤད་གནང་།

རིན་པོ་ཆེ་མཆོག་གིས་འཛམ་གླིང་ཡོངས་སུ་ཆོས་ཁྲིད་ཟབ་རྒྱས་གནང་བ་དང་། གླིང་ཆེན་ལྔ་ལ་ཡོད་པའི་རྒྱལ་སྤྱིའི་དྲྭ་བར་གྱུར་པའི་གཏེར་སྒར་སྒོམ་ཚོགས་ལ་ལྟ་རྟོག་གནང་བཞིན་ཡོད། ཡང་ཁོང་གིས་ཧི་མ་ལ་ཡའི་རི་རྒྱུད་དུ་འཕྲོད་བསྟེན་དང་། ངལ་སེལ། གཙང་སྦྲ། ཁོར་ཡུག། བུད་མེད་ཀྱི་ནུས་སྟོབས་སྤེལ་བ་སོགས་དང་འབྲེལ་བའི་མཛད་འཕྲིན་ཁག་དབུ་འཛུགས་གནང་ཤིང་ལས་གཞི་དེ་དག་གི་ཐོགས་གཟིགས་རྟོག་གནང་བཞིན་ཡོད།