གཏེར་སྒར་གྱི་བརྒྱུད་པ།

ང་ཚོའི་སྐོར།

གཏེར་སྒར་འདི་ཉིད་ཐོག་མར་གང་ལས་འབྱུང་བའི་གཞི་འམ་ཆོས་བརྒྱུད་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་གྲུབ་ཐོབ་ཀྱི་གྲངས་ཚད་ཆེས་མང་ཤོས་སུ་གྱུར་པའི་མངའ་བདག་མར་པ་བཀའ་བརྒྱུད་ཟེར་བ་དེ་ཡིན། མར་པ་བཀའ་བརྒྱུད་ཀྱི་སྐྱེས་ཆེན་དམ་པ་ཚོའི་གྲུབ་པ་ཐོབ་པའི་རྒྱུ་མཚན་གཙོ་བོ་ནི་ཁོང་ཚོས་མི་ཚེ་སྒྲུབ་ལ་བསྐྱེལ་ཞིང་ཉམས་ལེན་སེམས་ལ་བྱས་པས་ཏིང་འཛིན་གྱི་ཡོན་ཏན་བརྒྱ་ཕྲག་མང་པོ་ལ་རང་བཞིན་གྱིས་དབང་འབྱོར་ཏེ་གྲུབ་རྟགས་དང་རྫུལ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་བ་ཡིན། དེས་ན་འདས་པའི་ལོ་རྒྱུས་ཁྲོད་དུ་མར་མི་དྭགས་གསུམ་སོགས་བཀའ་བརྒྱུད་པའི་བླ་མ་གོང་མ་ཚོས་གྲུབ་པའི་ངོ་མཚར་དང་རྫུལ་འཕྲུལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱའི་དོན་དུ་གཞན་དོན་རླབས་པོ་ཆེ་མཛད་པའི་ལོ་རྒྱུས་ནི་ང་ཚོས་ནམ་ཡང་བརྗོད་མི་ཚར་བའི་རང་བཞིན་དང་བརྗེད་མི་ཐུབ་པའི་བདག་ཉིད་དུ་གྱུར་ཡོད། གལ་སྲིད་ང་ཚོ་བཀའ་བརྒྱུད་པ་ཞིག་ཡིན་ཚེ་རང་ཉིད་ཀྱི་བརྒྱུད་པའི་ལོ་རྒྱུས་ཤེས་དགོས་ལ་བརྒྱུད་པ་བཟང་པོ་དེ་དག་ལ་མིག་དཔེར་ཡར་བལྟ་གྱིས་ཉམས་ལེན་དང་འབད་བརྩོན་གནང་དགོས་པ་མ་ཟད་དམ་པ་གོང་མ་ཚོས་བྱམས་བརྩེ་དང་བཀའ་དྲིན་ཟབ་མོ་དེ་དག་སེམས་དབུས་ནས་ནམ་ཡང་དྲན་དགོས་ཞེས་མི་འགྱུར་རིན་པོ་ཆེས་རྟག་ཏུ་གསུངས་ཀྱིན་ཡོད། དེས་ན་ཆོས་ལ་ཉམས་ལེན་དང་སློབ་སྦྱོང་གང་ཞིག་གནང་ཡང་བརྒྱུད་པ་ནི་ཤིན་ཏུ་གལ་ཆེ་བའི་རང་བཞིན་ཡིན་པར་མི་ལ་རས་པས་ཀྱང་། བླ་མའི་མཚན་ཉིད་བརྒྱུད་པ་ལྡན། །ཞེས་དང་དེ་བཞིན། ང་བརྒྱུད་པ་མི་ངན་བརྒྱུད་པ་བཟང་། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །ཞེས་དང་ཡང་། ཆོས་སྐུ་རྡོ་རྗེ་འཆང་ཆེན་ནས། །མར་མེ་གཅིག་ལས་གཅིག་མཆེད་ལྟར། །ཐུགས་རྗེ་ཉམས་རྟོགས་བརྒྱུད་པ་དེ། །ཏེེེ་ལོ་ནཱ་རོ་མ་ལགས་སམ། །ཞེས་སོགས་བརྒྱུད་པ་ཚད་ལྡན་དགོས་པའི་ཚུལ་མང་དུ་གསུངས་ཡོད། གལ་སྲིད་བརྒྱུད་པ་ཚད་ལྡན་མེད་ན་བླ་མ་མཚན་ཉིད་དང་ལྡན་པ་མི་འབྱུང་ལ་བླ་མ་མཚན་ཉིད་དང་ལྡན་པ་མེད་ན་སློབ་མའི་བརྒྱུད་ལ་བྱིན་རླབས་དང་ཡོན་ཏན་འབྱུང་དཀའ་བས་བརྒྱུད་པ་དང་བླ་མ་ནི་ང་ཚོ་སློབ་མའི་ངོས་ནས་ཧ་ཅང་གནད་འགག་ཅན་དུ་གྱུར་ཡོད། དེས་ན་གཏེར་སྒར་གྱི་བརྒྱུད་པ་དང་བླ་མ་ནི་ཡིད་ཆེས་དང་དད་གུས་བྱེད་ཆོག་པའི་བདག་ཉིད་ཅན་ཞིག་ཡིན་པས་དེའི་ལོ་རྒྱུས་ཅུང་ཟད་མདོར་བསྡུས་ཏེ་བཤད་ན་འདོད། སྤྱིར་གཏེར་སྒར་མི་འགྱུར་རྡོ་རྗེ་ལ་ཕྱག་རྫོགས་གཉིས་ཆར་གྱིས་བརྒྱུད་པ་ཟབ་མོ་དང་ལྡན་པ་ཡིན་མོད་རྩ་བའི་ཆོས་ལུགས་ནི་འགྲོ་མགོན་བཀའ་བརྒྱུད་པའི་ཕྱོགས་སུ་གཏོགས་པ་ཡིན་ལ་ཉེ་བརྒྱུད་དང་རིང་བརྒྱུད་གཉིས་ཀའི་ཆ་ནས་ཆོས་རྗེ་ཀརྨ་པ་དང་ཐུན་མིན་གྱི་འབྲེལ་བ་ཟབ་མོ་དང་ལྡན་པ་ཞིག་ཡིན། དཔེར་ན་རྡོ་རྗེ་འཆང་ནས་རིམ་བཞིན་བརྒྱུད་པའི་ཆོས་བཀའ་ཡོངས་རྫོགས་ཀརྨ་པ་སྐུ་འཕྲེང་བཅུ་པ་སོགས་ལས་གསན་པས་རིང་བརྒྱུད་དང་། ཐུན་མོང་མ་ཡིན་པའི་ཟབ་ཆོས་ཇི་སྙེད་ཀརྨ་པཀྴི་དངོས་སུ་ཞལ་གཟིགས་ནས་རིན་པོ་ཆེ་སྐུ་འཕྲེང་དང་པོ་ལ་བསྩལ་གནང་བས་ཉེ་བརྒྱུད་ཁྱད་པར་ཅན་གྱི་བྱིན་རླབས་དང་བརྒྱུད་རིམ་ལྡན་པ་ཞིག་ཀྱང་ཡིན། གཞན་ཡང་བརྒྱུད་པ་ཐམས་ཅད་ཀྱི་རྩ་བ་སྟོན་པ་སངས་རྒྱས་ཀྱི་ཆོས་ཚུལ་ལ་མདོ་རྒྱུད་མན་ངག་སོགས་བརྒྱུད་པ་མི་འདྲ་བ་དུ་མ་ཡོད་པ་ལས་བཀའ་བརྒྱུད་པ་ནི་སྙིང་པོ་དོན་གྱི་བརྒྱུད་པ་ཡིན་ཏེ། སངས་རྒྱས་ཆོས་ཀྱི་སྙིང་པོ་ཚེ་ལུས་གཅིག་ལ་སངས་རྒྱས་ཐོབ་པའི་ཐབས་གྲོལ་གྱི་གདམས་པ་ཟབ་མོ་རྣམས་ཁ་བཤད་ཙམ་མིན་པར་ཉམས་ལེན་དངོས་ཀྱི་ཐོག་ནས་རང་ཉིད་ཀྱིས་རྟོགས་པའི་ཡོན་ཏན་ལ་མངའ་རྙེད་པ་མཛད་དེ་གྲུབ་པའི་གོ་འཕངས་མཐོན་པོར་བཤེགས། སླར་ཐབས་ལམ་དེ་ཉིད་མྱོང་བ་མན་ངག་བྱིན་རླབས་སོགས་ཀྱི་སྒོ་ནས་རང་གི་སློབ་མ་ལ་བུམ་པ་གང་བྱོལ་ཚུལ་གྱིས་སྟེར་བས་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པ་བྱུང་བ་ཡིན་ནོ། འོ་ན་བཀའ་བརྒྱུད་པའི་གྲུབ་ཐོབ་དམ་པ་དེ་དག་གིས་ཐབས་ཟབ་མོ་དང་ལམ་ཡང་དག་གང་ཞིག་ལ་བརྟེན་ནས་གྲུབ་པའི་གོ་འཕངས་མཐོན་པོར་གཤེགས་པ་ཡིན་ནམ་ཞེ་ན། དེ་ནི་ལོ་ངོ་གཉིས་སྟོང་ལྷག་གིས་བྱུང་རིམ་ལྡན་པའི་ལོ་རྒྱུས་གསོན་པོ་ཞིག་སྟེ་སངས་རྒྱས་ཆོས་ལུགས་ཀྱི་སྙིང་པོ་ངོ་མ་འཇིག་རྟེན་ཁམས་སུ་དར་སྤེལ་མཛད་པའི་བརྒྱུད་རིམ་ཟབ་མོ་ཞིག་དང་འབྲེལ་བ་ཆགས་ཡོད། དེའི་ཚུལ་ཡང་བདག་ཅག་གི་སྟོན་པས་གདུལ་བྱའི་བློ་ནུས་དང་བསྟུན་ནས་ཐེག་པ་ཆེ་ཆུང་གི་ཆོས་ཚུལ་ཇི་སྙེད་གསུངས་པ་ལས་གྲུབ་པའི་དབང་ཕྱུག་ཏེ་ནཱ་གཉིས་དང་འགྲོ་བའི་མགོན་པོ་ས་ར་ཧ་སོགས་བཀའ་བརྒྱུད་པའི་སྐྱེས་ཆེན་དམ་པ་ཚོས་སངས་རྒྱས་ཆོས་ཀྱི་སྙིང་པོ་དང་། ཆེས་ཡང་སྙིང་དག་གཙོ་འདོན་གྱིས་མན་ངག་དང་ལྷན་དུ་ཉམས་བཞེས་གནང་བས་ཐབས་གྲོལ་ཕུལ་བྱུང་གི་བདག་ཉིད་ཚེ་ལུས་གཅིག་ལ་སངས་རྒྱས་ཐོབ་པའི་ལྟ་གྲུབ་ཟབ་མོ་ཅན་གྱི་བཀའ་བརྒྱུད་པའི་རིང་ལུགས་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་བྱུང་བ་ཡིན། ཆོས་ལུགས་འདིས་ཉམས་ལེན་གྱི་སྙིང་པོ་སྒྲུབ་པ་གཙོ་བོར་མཛད་པས་སྒྲུབ་བརྒྱུད་དམ་དོན་བརྒྱུད་སྙིང་པོའི་རིང་ལུགས་པ་ཞེས་ཀྱང་བརྗོད། བརྒྱུད་པ་འདི་ཡི་མེས་པོ་རུ་གྲགས་པའི་གྲུབ་པའི་དབང་ཕྱུག་ཏེ་ལོ་ཤེས་རབ་བཟང་པོས་རིང་བརྒྱུད་དུ་བཀའ་བབ་བཞིའི་བླ་མ་རྣམས་ལས་ཟབ་ཆོས་ཇི་སྙེད་བུམ་པ་གང་བྱོལ་ཚུལ་དུ་གསན་པ་མ་ཟད་ཉེ་བརྒྱུད་དུ་རྒྱལ་བ་རྡོ་རྗེ་འཆང་དངོས་ལས་ཐབས་གྲོལ་གྱི་གདམས་པ་ཟབ་མོ་རྣམས་གསན་ཏེ་ཞབས་ལ་ལྕགས་སྒྲོག་གསོལ་ནས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས་སྤངས་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་རྫོགས་ཏེ་གྲོང་ཁྱེར་འབུམ་ཕྲག་བཅུ་གཉིས་གྲོལ་བར་མཛད། དེའི་སློབ་མ་ནཱ་རོ་ཛྙ་ན་སིདྷི་རིག་པའི་གནས་ལྔ་ལ་མཁས་པའི་ལྔ་རིག་པ་ཡིན་ཡང་གྲུབ་པ་མ་ཐོབ་པས་ཕྱིས་སུ་ཏེ་ལོ་པ་མཇལ་ནས་དཀའ་ཆེན་བཅུ་གཉིས་སོགས་སྤྱད་ཅིང་བླ་མ་ཏུ་བསྟེན་པས་གྲུབ་པ་ཐོབ་ནས་འཇའ་ལུས་མཁའ་སྤྱོད་དུ་བཤེགས་པའི་རྣལ་འབྱོར་པ་ཆེན་པོར་གྱུར། དེའི་སློབ་མ་མར་པ་ལོ་ཙ་ནས་མི་ལ་རས་པ། དྭགས་པོ་རིན་པོ་ཆེ། ཀརྨ་པ་སྐུ་འཕྲེང་རིམ་བྱོན། ཏཱ་ཡི་སི་ཏུ་སྐུ་འཕྲེང་རིམ་བྱོན་སོགས་དོན་བརྒྱུད་ཀྱི་གསེར་རིའི་ཕྲེང་བ་བར་མ་ཆད་པ་ས་ཆེན་པོའི་ཁམས་སུ་བྱུང་ཞིང་རྒྱལ་བ་བཀའ་བརྒྱུད་པ་ཞེས་སྙིང་པོ་དོན་གྱི་བརྒྱུད་པ་འདི་དར་བ་ཡིན་ནོ། ཆོས་ལུགས་འདི་ཉིད་ལ་བརྟེན་ནས་རྒྱ་བོད་གཉིས་ཀྱིས་མཚོན་པའི་ཡུལ་གྲུ་དུ་མར་གྲུབ་པ་ཐོབ་པའི་སྐྱེས་བུ་བགྲང་ལས་འདས་པ་བྱུང་ཡོད། དེའི་ཕྱིར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། ཆོས་ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །ལམ་གྲུབ་མཐའ་ཀུན་གྱི་གོང་མ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་དང་ཐེག་པ་ཀུན་ལས་ཕུལ་དུ་བྱུང་བ། བླ་ན་མེད་པ། འགྲན་ཟླ་དང་བྲལ་བ་ནི་དམ་ཆོས་ཕྱག་རྒྱ་ཆེན་པོའི་རིང་ལུགས་འདི་ཉིད་ཁོ་ན་ཡིན་པས་བརྒྱུད་པ་ཟབ་མོ་དེ་ལྟ་བུར་ལ་འབྲེལ་བ་འཇོག་ཐུབ་པ་ནི་ང་ཚོ་ལས་སྐལ་བཟང་པོ་དང་ལྡན་པ་ཡིན་ཞེས་དགའ་བ་བྱེད་ཆོག་པ་ཞིག་ཡིན། ད་ལྟར་ཞལ་འཚོ་བཞིན་པའི་མི་འགྱུར་རིན་པོ་ཆེ་སྐུ་འཕྲེང་བདུན་པ་ཀརྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ཆོས་རྗེ་མཆོག་ཀྱང་དགུང་གྲངས་བཅུ་གསུམ་ལ་སོན་པའི་དུས་སུ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་སྒྲུབ་ཁང་དུ་བཞུགས་ཏེ་ཟབ་ལམ་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་སོགས་༧བྱམས་མགོན་རྡོ་རྗེ་འཆང་ཏཱ་ཡི་སི་ཏུ་རིན་པོ་ཆེ་དང་། རི་པ་གསལ་བྱེད་རིན་པོ་ཆེ་རྣམ་པ་གཉིས་ཀྱི་མདུན་ནས་བུམ་པ་གང་བྱོལ་ཚུལ་དུ་གསན་ཏེ་རྒྱལ་བ་བཀའ་བརྒྱུད་པའི་དོན་གྱི་བརྒྱུད་འཛིན་ཆེན་པོ་རུ་བཞུགས་པ་དང་། དེ་བཞིན་ཡབ་རྗེ་འགྲོ་བའི་མགོན་པོ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་མདུན་ནས་རྗེ་ཉིད་དགུང་ལོ་དགུ་ལ་སོན་སྐབས་མ་ཡུམ་བརྒྱུད་སྒོམ་ཁྲིད་ཀྱི་རེ་བསྐུལ་ཞུས་པ་བཞིན་ཡབ་རྗེ་མཆོག་གིས་ཕྱག་རྫོགས་ཀྱི་མན་ངག་རྗེ་ཉིད་ལ་གང་བཞུགས་པ་ཡོད་དོ་ཅོག་མྱོང་ཁྲིད་མཛད། དེ་བཞིན་སྙིང་ཐིག་གི་བརྒྱུད་འཛིན་བླ་ན་མེད་པ་སྨྱོ་ཤུལ་མཁན་རིན་པོ་ཆེའི་དྲུང་ནས་ངག་ཆུང་སྙན་རྒྱུད་གཙོས་རྫོགས་ཆེན་གྱི་གདམས་པ་སྤྱི་དང་ཁྱད་པར་ཆིག་བརྒྱུད་ཀྱི་གདམས་ངག་མ་ལུས་པ་ཞུས་ཏེ་བཀའ་རྙིང་གཉིས་ཀྱི་བརྒྱུད་པ་ཡོངས་སུ་རྫོགས་པ་གཏེར་སྒར་གྱི་བརྒྱུད་པ་རུ་བཞུགས་ཡོད། །