གནས་མཆོག་རྡོ་རྗེ་གདན་གཏེར་སྒར་དགོན།

ནང་ཆོས།

སྤྱི་ལོ་༢༠༠༡་ཡི་སྐབས་སུ་བྱམས་མགོན་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་བཀའ་བཞིན་སྐྱབས་རྗེ་༧་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༠༣་ནས་རྒྱ་གར་རྡོ་རྗེ་གདན་གྱི་ས་ཁུལ་དུ་གཏེར་སྒར་དགོན་པ་གསར་དུ་བཞེང་བར་དབུ་གཙུགས་ཏེ་ཁོང་ཉིད་ཀྱིས་སྐུ་ངལ་མེད་པར་གཟིགས་རྟོག་གནང་བས་སྤྱི་ལོ་༢༠༠༦་ལ་གཞི་ནས་ལེགས་པར་གྲུབ། དུས་དེ་ནས་བཟུང་སྟེ་རྡོ་རྗེ་གདན་གཏེར་སྒར་དགོན་དུ་དཀའ་བརྒྱུད་སྨོན་ལམ་དང་ཀརྨ་དགུན་ཆོས་སོགས་མཛད་སྒོ་གལ་ཆེན་དུ་མ་ཚོགས་ཏེ་དཔལ་རྒྱལ་དབང་ཀརྨ་པ་༧ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་དབུ་བཞུགས་ཐོག་བཀའ་བརྒྱུད་ཀྱི་བླ་མ་དམ་པ་དུ་མ་ཡང་ལྷན་འཛོམས་གནང་བཞིན་ཡོད། དེ་ལ་ཡང་སྐྱབས་རྗེ་༧མི་འགྱུར་རིན་པོ་ཆེ་མཆོག་གིས་སློབ་གྲྭ་དང་བཤད་གྲྭ་སོགས་བཞེངས་པའི་ཐུགས་འདོད་ཆེན་པོ་བྱུང་། དང་པོར་ཁོང་ཉིད་ཀྱིས་ལོ་ལྔ་ནས་བཅུ་གཉིས་བར་གྱི་གྲྭ་ཆུང་འཇུག་ཡུལ་གྱི་གཞི་རིམ་སློབ་གྲྭ་ཞིག་བཞེངས། གཞི་རིམ་གྱི་སློབ་གཉེར་དེ་མཐར་ཕྱིན་སྐབས་སུ་དགེ་ཕྲུག་བལ་ཡུལ་གཏེར་སྒར་འོད་གསལ་གླིང་དགོན་དུ་སྤོས་ཏེ་མུ་མཐུད་ནས་སློབ་གཉེར་གནང་ཆོག། སྤྱིར་རྒྱ་བལ་བོད་གསུམ་དུ་སློབ་གྲྭ་དང་བཤད་གྲྭ་དུ་མ་ཡོད་ལ། ནང་བསྟན་གྱི་ལྟ་བ་དང་ཉམས་ལེན་གཉིས་ཡ་མ་བྲལ་བར་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་བརྟེན་ནས་གཏེར་སྒར་གྱི་སློབ་གཉེར་ཐུན་མོང་མ་ཡིན་པ་ཞིག་ཡིན། དེ་ལ་ཡང་མཁན་པོ་རྣམས་ཀྱིས་དཔེ་ཁྲིད་གནང་བ་དང་། སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་སྒོམ་ཁྲིད་གནང་བཞིན་ཡོད། དེར་བརྟེན་ངེད་ཅག་གི་དམིགས་ཡུལ་ནི་སློབ་གྲྭ་དང་བཤད་གྲྭ་སློབ་ཐོན་པ་རྣམས་མཁས་གྲུབ་གྱི་ཚུལ་དུ་སློབ་སྟོན་པ་ཚད་ལྡན་དུ་འགྱུར་བ་འདི་ཡིན། གནས་མཆོག་རྡོ་རྗེ་གདན་གཏེར་སྒར་དགོན་དུ་གྲྭ་པ་༣༠༠་ལྷག་ཙམ་ཡོད་དོ།